Thursday, December 9, 2010

རྒྱ་ནག་གཙོས་རྒྱལ་ཁབ་བཅོ་བརྒྱད་མཛད་སྒོར་ཞུགས་རྒྱུ་མིན་ཟེར།

ཨུ་རུ་སུ་དང་སཱོ་དྷིའི་ཨ་རབ་བྷི་ཡ། པཱ་ཀི་སི་ཐན། ཨི་རག ཨི་རན་སོགས་རྒྱལ་ཁབ་བཅོ་བརྒྱད་ཙམ། ཟླ་འདིའི་ཚེས་༡༠ ཉིན་གྱི་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་ཞུགས་རྒྱུ་མིན་པ་དང། དེ་མིན་ཨ་རི་དང་རྒྱ་གར་སོགས་རྒྱལ་ཁབ་༤༤ མཛད་སྒོར་དངོས་སུ་ཞུགས་གཏན་ཁེེལ་ཡོད་རུང། རྒྱ་ནག་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས། རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱིས་མཛད་སྒོར་ཞུགས་ཀྱི་མ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སིའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ནོར་ཝེ་གཟེངས་རྟགས་ཚོགས་པས། སྐུ་ཞབས་ལིའུ་ཞོ་པོ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་དཔེ་མཚོན་ཅན་ཞིག་ཡིན་པ་དང།  གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་ཨུ་རུ་སུ་དང་ཁཱ་ཙཱག་སི་ཐན། ཀོ་ལུམ་བྷི་ཡ། ཊོ་ནི་ཤི་ཡ།  སཱོ་དྷིའི་ཨ་རབ་བྷི་ཡ། པཱ་ཀི་སི་ཐན། སིར་བྷི་ཡ། ཨི་རག ཨི་རན། ཝི་ཊི་ནམ། ཨབ་གྷ་ནི་སི་ཐན། ཝི་ནི་རྫུ་ལཱ། ཧྥི་ལི་པེང། ཨེ་རྗེབ། སུའུ་ཌན། ཡུག་རན། ཁིའུ་བྷ། མཱོ་རཱོག་ཀོ་སོགས་རྒྱུ་མཚན་མང་པོ་ལ་བརྟེན་ནས་འཛུལ་ཞུགས་བྱེད་ཐུབ་ཀྱི་མེད་པ་དང། རྒྱལ་ཁབ་འགའ་རེ་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོད་རུང་། མང་པོ་ཞིག་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོད་མ་རེད་ཅེས་བརྗོད་ཡོད་པ་དང་། ཤྲི་ལངྒ་དང་ཨལ་ཇཱི་རི་ཡ་གཉིས་འཛུལ་ཞུགས་བྱེད་ཀྱི་ཡོད་མེད་ད་དུང་ལན་སླེབས་མེད་པ་དང། དེ་མིན་གྱི་རྒྱལ་ཁབ་༤༤ འཛུལ་ཞུགས་གནང་རྒྱུ་ཡིན་པའི་བརྡ་ལན་འབྱོར་སོང་ཞེས་གསུངས་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཇིན་ཡུས་ཀྱིས། ནོར་ཝེ་གཟེངས་རྟགས་ཚོགས་པས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དང། ང་ཚོའི་ངོས་ནས་མི་སུ་འདྲ་ཞིག་གིས་ལིའུ་ཞོ་པོའི་གནད་དོན་ལ་ཐེ་གཏོགས་བྱས་པའམ། ཡང་ན་རྒྱ་ནག་ནང་སྲིད་ཀྱི་ཁྲིམས་དོན་ལས་གཞི་ལ་ཐེ་གཏོགས་བྱས་ན་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་༡༠༠ ལྷག་ཙམ་གྱིས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

No comments:

Post a Comment